
洛赛【送行朋侪】
གྲོགས་པོ་ཕེབས་སྐྱེལ།
ཚིག འཇུ་སྐལ་བཟང་།
དབྱངས། བློ་གསལ།
ལེན་མཁན། བློ་གསལ།
གླུ་དབྱངས་སྒྲོན་འདོན། ཨོ་རྒྱན་ཆོས་འཕེལ།
གྲོགས་པོ་བཟང་པོ་དེ་རིང་ཕེབས་རྒྱུ་ལ།།
སྐྱེལ་དར་བཟང་པོ་བཀྲ་ཤིས་རྟགས་བརྒྱད་ཡོད།།
མགུལ་ལ་སྒྲོན་ནས་ཕེབས་དང་གྲོགས་པོ་ལགས།།
འགལ་རྐྱེན་བར་ཆད་ཞི་བའི་རྟེན་འབྲེལ་ཡོད།།
ཉིན་གྱི་འཕྲང་ལམ་དོག་མོ་བསྐོར་ནས་ཕེབས།།
སྲིབ་ཀྱི་གྲིབ་སོ་ནག་པོར་བཟུར་ནས་ཕེབས།།
སྐུ་ལ་ཉེ་ཞོ་མེད་པའི་ངང་ལ་ཕེབས།།
མདུན་ན་སྐྱིད་ཀི་བསུ་མ་ཁྱོད་ལ་ཡོད།།
གྲོགས་པོ་བཟང་པོ་དེ་རིང་ཕེབས་རྒྱུ་ལ།།
སྐྱེལ་ཆང་བཟང་པོ་ཁ་དྲོ་བཀྲ་ཤིས་ཡོད།།
ཞལ་ལ་བཞེས་ནས་ཕེབས་དང་གྲོགས་པོ་ལགས།།
མཐུན་རྐྱེན་བསམ་པ་འགྲུབ་པའི་རྟེན་འབྲེལ་ཡོད།།
ཉིན་གྱི་མེ་ཏོག་ཐང་ལ་རྩེ་ཞིང་ཕེབས།།
སྲིབ་ཀྱི་ཁུ་བྱུག་སྐད་ལ་ཉན་བཞིན་ཕེབས།།
གསུང་ལ་འགགས་པ་མེད་པའི་ངང་ལ་ཕེབས།།
མདུན་ན་སྐྱིད་ཀི་བསུ་མ་ཁྱོད་ལ་ཡོད།།
གྲོགས་པོ་བཟང་པོ་དེ་རིང་ཕེབས་རྒྱུ་ལ།།
སྐྱེལ་གླུ་བཟང་པོ་ཚེ་རིང་ལོ་བརྒྱ་ཡོད།།
ཐུགས་པ་བསྣམས་ནས་ཕེབས་དང་གྲོགས་པོ་ལགས།།
གང་བསམ་ལྷུན་གྲུབ་ཡོང་བའི་རྟེན་འབྲེལ་ཡོད།།
ཉིན་གྱི་དགོན་སྡེ་བརྒྱ་ལ་མཇལ་ཞིང་ཕེབས།།
སྲིབ་ཀྱི་གྲོང་ཚོ་སྟོང་ལ་གཟིགས་བཞིན་ཕེབས།།
ཐུགས་ལ་སྐྱོ་བ་མེད་པའི་ངང་ལ་ཕེབས།།
མདུན་ན་སྐྱིད་ཀི་བསུ་མ་ཁྱོད་ལ་ཡོད།།