
牧羊姑娘
作词 : 洛桑仁青
作曲 : 班玛
ལུག་རྫི་བུ་མོ།
ཚིག བློ་བཟང་རིན་ཆེན།
དབྱངས། པདྨ།
ལེན་མཁན། ཚེ་དབང་ལྷ་མོ།
རི་མགོར་སྨུག་པ་འཁྲིགས་སོང་།།
ཆར་པ་ཟམ་མེ་ཟིམ་མེ།།
རི་འདབས་མེ་ཏོག་ལྡེམ་སོང་།།
འདབ་མ་ཚང་ཚིང་རབ་རིབ།།
ན་ཆུང་ལུག་རྫི་བུ་མོས།།
འུར་ཐག་སྐེད་ལ་དྲངས་ནས།།
སྤང་ཁའི་མེ་ཏོག་འཐུ་ཞོར།།
ལུག་ཁྱུའི་རྗེས་ལ་བསྙེགས་སོང་།།
ཨ་་་་་ལུག་རྫི་བུ་མོ།།
ཨ་་་་་ལུག་རྫི་བུ་མོ།།
དབྱར་གསུམ་ཆར་རླུང་སྨུག་པ།།
དགུན་གསུམ་ཁ་བ་བུ་ཡུག།
ལུག་རྫི་བུ་མོའི་སྐྱིད་སྡུག།
སུ་དང་གང་གིས་མི་མཐོང་།།
ལུག་ཁྱུ་སྤང་ལ་བཀྲམ་སོང་།།
སྤང་ལ་མུ་ཏིག་བཀྲམ་འདྲ།།
གནམ་ལ་འཇའ་འོད་ཤར་བྱུང་།།
འཇའ་སྣེ་སྤང་ལ་ཟུག་སོང་།།
ན་ཆུང་ལུག་རྫི་བུ་མོས།།
འཇའ་ཚོན་ལུས་ལ་བརྒྱན་ནས།།
སྐྱིད་པའི་རྫི་གླུ་ལེན་ཞོར།།
གཡང་དཀར་ཆུ་ཐོག་བཀྲམ་སོང་།།
ཨ་་་་་ལུག་རྫི་བུ་མོ།།
ཨ་་་་་ལུག་རྫི་བུ་མོ།།
དབྱར་གསུམ་ཆར་རླུང་སྨུག་པ།།
དགུན་གསུམ་ཁ་བ་བུ་ཡུག།
ལུག་རྫི་བུ་མོའི་སྐྱིད་སྡུག།
སུ་དང་གང་གིས་མི་མཐོང་།།
འུར་ཐག་ཚག་སྒྲ་གཅིག་གིས།།
ལུག་ཁྱུ་ལྷས་ལ་རུབ་སོང་།།
མ་ལུག་འབའ་སྒྲ་ཚེངས་སེ།།
ལུ་གུ་རྩེད་གར་ཤིགས་སེ།།
ན་ཆུང་ལུག་རྫི་བུ་མོས།།
ལུག་ཁྱུ་མ་བུ་འཕྲོད་སོང་།།
ངལ་བའི་རྔུལ་ཆུའི་གདོང་ལ།།
འཛུམ་པའི་མེ་ཏོག་ཤར་སོང་།།
ཨ་་་་་ལུག་རྫི་བུ་མོ།།
ཨ་་་་་ལུག་རྫི་བུ་མོ།།
དབྱར་གསུམ་ཆར་རླུང་སྨུག་པ།།
དགུན་གསུམ་ཁ་བ་བུ་ཡུག།
ལུག་རྫི་བུ་མོའི་སྐྱིད་སྡུག།
སུ་དང་གང་གིས་མི་མཐོང་།།
སྐྱིད་སྡུག།
སུ་དང་གང་གིས་མི་མཐོང་།།