
黑帐篷花儿学校
སྦྲ་ནག་མེ་ཏོག་སློབ་གྲྭ།
ཚིག འཇམ་དབྱངས་འོད་ཟེར་རྒྱ་མཚོས་བརྩམས།
གངས་དཔལ། སྦྲ་རྒན་བརྩོན་འགྲུས་རྒྱ་མཚོས་བརྩམས།
དབྱངས། ཨ་མཆོག་རྟ་བྷེ།
ལེན་མཁན། པད་མཚོ།
ན་ཆུང་ཚོའི་རྨི་ལམ་ཁུར་བའི། །
གཡེར་བག་གི་མེ་ཏོག་ཐང་ན། །
སྦྲ་ནག་གི་ཁ་རུ་བརྒྱངས་པའི། །
རྩྭ་ཐང་གི་སློབ་གྲྭ་ཞིག་ཡོད། །
སྐྱེས་རི་ཡིས་བློ་སྤོབས་བསྩལ་ཡོད། །
ཆུ་མོ་ཡིས་ཕུགས་འདུན་བསྲིང་ཡོད། །
སྤྲིན་ཚོམས་ཀྱིས་རེ་བ་ཁྱེར་ནས། །
མཐའ་མེད་ཀྱི་རྒྱལ་ཁམས་སྐོར་ཤོག།
དཀའ་སྡུག་གི་རྔུལ་ཆུ་གཏོར་ས།།
བརྩོན་པ་ཡི་ལོ་ཏོག་སྨིན་ས།།
བླ་མ་ཡི་གདམས་པས་བསྐྱངས་པའི།།
བྱིན་རླབས་ཀྱི་ཞིང་ས་སྣུམ་པོ།།
སྲོལ་རྒྱུན་གྱི་གཞི་རྐང་འཛིན་ཅིང་།།
དེང་རབས་ཀྱི་ཁ་ཕྱོགས་སྟོན་ས།།
རང་ཡུལ་ལ་འོད་སྣང་སྦྱིན་པའི།།
ཤེས་རབ་ཀྱི་སྒྲོན་མེ་སེར་པོ།།
ཕ་རྒྱུད་ཀྱི་རུས་པ་གསོན་པོ། །
མ་རྒྱུད་ཀྱི་ཁྲག་རྒྱུན་དྲོན་མོ། །
རིགས་རྒྱུད་ཀྱི་རེ་བ་མཐོན་པོ། །
ལོ་ཆུང་གི་གཅེས་ཕྲུག་ཁྱོད་ཡིན། །
སྐད་ཡིག་གི་ཀློག་འགོ་རྩོམ་ས། །
གཞུང་དྲང་གི་མི་གཤིས་འབྱུང་ས། །
སྲོལ་བཟང་གི་བག་ཆགས་འཇོག་ས། །
སྦྲ་ནག་གི་མེ་ཏོག་སློབ་གྲྭ །