
度母
作词 : 玛奥
作曲 : 岗坚巴·卓玛甲
ཨོཾ་རྗེ་བཙུན་མ།
འཇིག་རྟེན་སྣང་བའི་རིས་ལ།།འདོད་ཞེན་ཚོན་སྣ་བཏབ་པ།།
ཚོན་ཁ་རང་ལ་བབས་པ།།ལས་ཀྱི་རི་མོ་ཡིན་སོང་།།
ཉེས་པ་ག་འདྲ་བསགས་ན།།དམིགས་པ་དེ་འདྲ་འཁོར་ཡོང་།།
འདི་ཡང་རང་གིས་བསྙལ་བའི།།སྐྱུར་བོའི་ནས་ཆང་དེ་ཡིན།།
ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།
སེམས་ན་ཆོས་ཤིག་མེད་ན།།ལས་ལ་ཚོད་ཅིག་མི་འདུག།
ལུས་སེམས་འདུལ་བ་མེད་ན།།ནམ་མཁའ་མེ་ལ་བཏང་ཡོང་།།
སྡིག་པ་ག་འདྲ་བསགས་ན།།སྒྲིབ་པ་དེ་འདྲ་འཁོར་ཡོང་།།
འདི་ཡང་རང་གིས་བཏབ་པའི།།ཚེར་མའི་མལ་སྟན་དེ་ཡིན།།
ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།
སྤྱི་མཐུན་ལས་ལ་བསྐོས་པའི།།ལས་ཀྱི་རི་གཟར་ཆུ་བོ།།
ལག་པས་བཟློག་པ་མེད་ན།།སེམས་ཀྱིས་དང་ལེན་གནང་རོགས།།
འཁོར་བར་ག་འདྲ་ཆགས་ན།།རྒུད་པ་དེ་འདྲ་འཁོར་ཡོང་།།
འདི་ཡང་རང་གིས་མགར་བའི།།ལྕགས་ཀྱི་རྐང་སྒྲོག་དེ་ཡིན།།
ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།
སེམས་ཅན་ནད་པ་ཇི་སྙེད་པ།མྱུར་དུ་ནད་ལས་ཐར་གྱུར་ཅིག།